Tuesday, October 29, 2024

ཨ་མ།

 

ཨ་མ།

 

 

གཅེས་པའི་ཕྲུ་གུ་ཨ་མའི་ནོར་བུ་དང་། །

བརྩེ་བའི་ཨ་མ་ཕྲུ་གུའི་ཡོད་ཚད་ཡིན། །

རིན་བྲལ་ལྷད་མེད་ཨ་མའི་བྱམས་བརྩེ་རེད། །

ཚེ་སྲོག་སྦྱིན་མཁན་ཨ་མ་སྐུ་ཚེ་རིང་། །

               ཨ་མའི་པང་བ་ཕྲུ་གུའི་དྲོད་ཁྱིམ་ཡིན། །

               ཨ་མའི་ནུ་ཞོ་ཕྲུ་གུས་ཟས་སུ་སྤྱད། །

               བཅུད་དང་དྲོ་སྐྱིད་སྦྱིན་མཁན་ཨ་མ་ཉིད། །

               ཚེ་རིང་ལོ་བརྒྱ་བརྟན་པའི་སྨོན་ལམ་འདེབས། །

 

བྱིས་པའི་དུས་ནས་ན་སོ་མ་དར་བར། །

ཉིན་མཚན་ཧྲིལ་པོ་བུ་ཕྲུག་ཁོ་ནར་གཟིགས། །

ངལ་བར་མི་འཛེམ་རང་ཉིད་བློས་གཏོང་བའི། །

དྲིན་ཆེན་མ་ལོ་ཚེ་རིང་ནད་མེད་ཤོག །

 

               བྱམས་བརྩེའི་ངོ་བོ་སྟོན་མཁན་ཨ་མ་ཡིན། །

               གོམས་སྲོལ་གཤིས་བཟང་སྟོན་མཁན་ཨ་མ་ཡིན། །

               མགོ་འདོན་འཚོ་སྐྱོང་གནང་མཁན་ཨ་མ་རེད། །

               མི་ཚེའི་དགེ་རྒན་ཐོག་མ་ཨ་མ་རེད། །

 

ཨ་མའི་ཕྱག་ཟུང་དྲོ་འཇམ་ཉི་མ་དང་། །

ཨ་མའི་ཞལ་རས་འཛུམ་གྱི་དཀྱིལ་འཁོར་ཡིན། །

ཨ་མའི་ལྷག་བསམ་གངས་རི་ལས་ཀྱང་དཀར། །

ཨ་མའི་བསླབ་བྱ་རིན་ཆེན་ནོར་གྱི་མཆོག །

            

               ཨ་མ་ན་ཚོད་སྨིན་ནས་རྒས་གྱུར་ཡང་། །

               ཨ་མའི་བརྩེ་སེམས་འགྱུར་མེད་བརྟན་པོར་གནས། །

               ཨ་མའི་བྱམས་དང་བཀའ་དྲིན་མཚུངས་ཟླ་བྲལ། །

               ཨ་མ་ཐམས་ཅད་འགྲོ་བའི་རྒྱན་ཆ་རེད། །

 

ཨ་མའི་བཀའ་དྲིན་གཞལ་མཐའ་མེད་པ་དང་། །

གཟུགས་སུ་སྤྲུལ་ན་ནམ་མཁར་ཤོང་བར་དཀའ། །

ཚེ་འདིར་ཁྱེད་ཉིད་མཇལ་བ་བསོད་ནམས་ཡིན། །

ཕྱི་མའི་ལུས་ལའང་མ་རུ་འགྱུར་བར་ཤོག །

 


ཐབས་ཤེས་མི་འདུག

 

ཐབས་ཤེས་མི་འདུག

མཛེས་པའི་རིག་འཛིན་དབང་མོ།

ཚེ་གང་གཏན་གྲོགས་འདོད་ཀྱང་།

ལས་ལ་བསྐོས་པ་མེད་ན།

སྣང་བ་གང་ཤར་མི་འདུག

 

དྲིན་ཆེན་ཕ་མ་གཉིས་པོ།

གཏན་དུ་བཞུགས་ན་བསམས་ཀྱང་།

མི་རྟག་འཁོར་བའི་ཆོས་ཉིད།

བཅོས་ཐབས་ང་ལ་མི་འདུག

 

ན་མོ་མཛེས་མ་ཁྱེད་ལ།

ལྷད་མེད་བརྩེ་སེམས་བཅངས་ཀྱང་།

ཁྱེད་རང་གཞན་ལ་ཕྱོགས་ན།

འགོག་པའི་ཐབས་ཤེས་མི་འདུག

 

འཁོར་བའི་འཆིང་ལས་ཐར་བར།

ཆོས་ལ་ཞུགས་འདོད་ཡོད་ཀྱང་།

ཉོན་མོངས་དུག་གིས་བསྒྲིབས་པས།

ཐབས་ཤེས་ང་ལ་མི་འདུག

 

འཛམ་གླིང་ས་ཕྱོགས་གང་སར།

འཁྱམ་ཉུལ་བྱེད་འདོད་ཡོད་ཀྱང་།

སྦ་ཁུག་སྟོང་པ་ཡིན་ན།

བསམ་རྒྱུ་དེ་ལས་མི་འདུག


ལོ་རིམ་དང་པོར་ནང་ཆོས་འཛིན་གྲྭར་བྲིས།

ཉི་འོད་མེད་པའི་གཟའ་ཉི་མ།

 ཉི་འོད་མེད་པའི་གཟའ་ཉི་མ།

 

རེས་གཟའ་ཉི་མ།

ཉི་འོད་མེད་པའི་གུང་གསེང་།

གློག་མེད་པའི་གུང་གསེང་།

ནངས་སྔ་མོ་ནས།   ཁྲུས་ཀྱང་མ་བྱས་གོང་།

ཁ་པར་གྱི་གློག་རྫས།

རྫོགས་ལ་ཉེ་བར་ཡོད་པའི་སེམས་གདུང་།

ནམ་ཞིག་རྫོགས་ཡོང་བསམ་པའི་སེམས་ཁྲལ།

རྫོགས་ན་ཅི་ཞིག་བྱ་བསམ་པའི་བློ་ངོར་འཆར་སྣང་སྣ་ཚོགས་ཀྱིས་བཏུམས།

 

ཞོགས་ཟས་ཟ།

སྙིང་རྗེ་ཆེ་བའི་ཉི་མས་དྲོ་སྐྱིད་ཀྱི་འོད་ཟེར་སྦྱིན།

འུ་ཅག་གི་བཞིན་ལས།

དགའ་འཛུམ་གྱི་མེ་ཏོག་བཞད།

རེ་བའི་འཇའ་ཚོན་བསྐྲུན།

འོན་ཀྱང་། འཁོར་བ་མི་རྟག་རང་བཞིན་ཡིན་ཕྱིན།

ནམ་མཁའི་ཁྱོན་ཡངས་པོར།

སྤྲིན་ནག་ཚོམ་བུ་ལང་ལོང་དུ་འཁྲིགས།

དྲག་ཆར་འབབ་འགོ་ཚུགས།

འོ་སྐོལ་དྲོ་སྐྱིད་ཀྱི་དཔལ་ལ་རོལ་བར་མི་དགའ་བའི་མིག་ཟེར་གྱིས།

གྱ་གྱུའི་གློག་དམར་འཁྱུག

དྲོ་སྐྱིད་ཀྱི་བདེ་བ་ཕྲ་མོ།

སྐད་ཅིག་ཉིད་ལ་ཡལ།

དགའ་འཛུམ་དང་རེ་བའི་མེ་ཏོག

སད་ཀྱིས་བཅོམ་པ་ལྟར་འཇིག

 

གཟའ་ཉི་མར།

ཉི་མའི་འོད་ཟེར་འཕྲོ་ཞིང་།

གློག་གི་འོད་དཀར་ལྡན་པའི་རེ་བ་མཐའ་དག

ཟད་པར་གྱུར་ལ།

ཉི་འོད་མེད་པའི་གཟའ་ཉི་མ།

སླད་མི་ཡོང་བའི་རེ་བ།


ལོ་རིམ་དང་པོ་ནང་ཆོས་འཛིན་གྲྭར་བྲིས།

 

 

 

 

Sunday, October 20, 2024

 



དྲིན་ཅན་ཨ་མའི་བརྩེ་བའི་དྲིན །
བརྗོད་ཀྱང་བགྲང་གིས་ག་ལ་ལངས། །
ཕྲུ་གུ་མངལ་ནང་འཁོར་ནས་བཟུང་། །
སྡིག་ལས་བྱས་པ་གྲངས་ལས་འདས། །
            ཤ་ལས་ཆད་པའི་གཅེས་ཕྲུག་དག། 
            མི་ངལ་བདེ་སྐྱིད་དོན་གྱི་ཕྱིར། །
            གཞན་སྲོག་ལེན་པ་ལྟ་ཅི་སྨོས། །
            རང་སྲོག་གློད་ལའང་སོམ་ཉི་བྲལ།།


 རྡ་སའི་ཆར་དུས།


གནས་མཆོག་རྡ་རམ་ས་ལ་ཡི། །

དབྱར་གནམ་འདི་ནི་འགྱུར་སླ་བས།།

སྐྱེས་བུ་སུ་ཞིག་ཡིན་ཀྱང་རུང་། །

དེ་ཉིད་དཔོག་པར་དཀའ་བར་གྱུར། །


ད་ལྟ་ཨ་སྔོན་གཡའ་དག་ལ། །

ཁྲི་གདུགས་ཉི་ཟེར་འཕྲོ་བས་ན། །

འཛིན་མའི་ཁྱོན་གྱི་སྐྱེ་དངོས་ཀུན། །

སྲེག་གམ་སྙམ་པ་བྱེད་ན་ཡང་། །


ཡུད་ཙམ་ཞིག་ནས་གློ་བུར་དུ། །

གནམ་ས་གཡོ་བའི་འབྲུག་སྒྲ་དང་། །

གྱ་གྱུའི་གློག་དམར་འཁྱུག་ནས་ནི། །

ཆར་པ་དྲག་ཏུ་བབས་པ་ན། །


ལམ་ཟུར་ཉལ་འགྲོས་བརྟོལ་བ་ཡི།།

ཤག་ཤག་རྒྱུག་པའི་སྒྲ་རླབས་ལས།།

མི་ཚོགས་འདུ་འཛིའི་ཁོར་མོ་ཡུག།

སྐད་ཅིག་ཉིད་ལ་ལྷིང་འཇགས་ཐོབ། །

ཨ་མ།

  ཨ་མ།     གཅེས་པའི་ཕྲུ་གུ་ཨ་མའི་ནོར་བུ་དང་། ། བརྩེ་བའི་ཨ་མ་ཕྲུ་གུའི་ཡོད་ཚད་ཡིན། ། རིན་བྲལ་ལྷད་མེད་ཨ་མའི་བྱམས་བརྩེ་རེད། ། ཚེ་སྲོ...