Thursday, March 28, 2024

རྒྱང་རིང་གི་ཨ་མ།

ཁུ་སིམ་གྱི་མཚན་དགུང་ཟླ་བའི་ཞལ་ལ། ། ཁེར་རྐྱང་དུ་ལུས་པའི་བུ་མོའི་སེམས་ཀྱིས། ། དྲིན་ཆེན་གྱི་ཨ་མའི་བཞིན་ལ་འཁྲུལ་ནས། ། འཛུམ་ཆུང་གིས་བསུས་ནས་གཏམ་ཞིག་གླེང་བར། ། ཞལ་རས་ལས་ཉ་གང་རྒྱས་པའི་འཛུམ་མདངས། ། ངག་འཇམ་པོས་གཅེས་གཅེས་ཞེས་པའི་འབོད་སྒྲ། ། བྱམས་བརྩེ་བས་གདོང་ལ་བྱིལ་བྱིལ་གནང་བ། ། ནམ་ཞིག་ལ་མཇལ་རྒྱུ་བྱུང་ངམ་དྲིས་པར། ། མ་ལོ་ལོའི་སྤྱན་ཟུང་མཆི་མས་བརླན་ཏེ། ། འཛུམ་ཆུང་ཆུང་རེ་ཞིག་ང་ལ་བསྟན་ནས། ། སྤྲིན་ཚོམ་བུ་གཡོ་བཞིན་ཁོང་ཉིད་བསྒྲིབས་པས། ། མའི་ཞལ་རས་མིག་ལམ་ལས་ཡལ་གྱུར་སོང་། །

Thursday, March 14, 2024

«བཀའ་དྲིན་ཆེ་བའི་དགེ་བའི་བཤེས་གཉེན།»

༄༅། །ཐོག་མར་ང་ཅག་གི་མི་ཚེའི་ལས་བུ་བརྒྱུད་དེ་མཐར་གང་དུ་སོན་མིན་ནི། བར་དུ་ཤེས་བྱའི་གནས་ལ་སྦྱངས་ནས་རིག་པའི་རྩལ་ངོམས་ཐུབ་མིན་ལ་རག་ལས་ཡོད། དེའི་ཕྱིར་ཤེས་བྱའི་གཏེར་མཛོད་སློབ་གྲྭའི་ལྡུམ་རྭར་འགྲོ་འགོ་བརྩམས་པ་ནས་ད་ལྟའི་བར། དགེ་རྒན་རྣམས་ཀྱིས་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་ལམ་སྟོན་བཟང་པོ་གནང་སྐྱོང་མཛད་པ་དེ་ཀུན་ནི། ཚེ་སྔོན་བསགས་པའི་རྣམ་དཀར་གྱི་འབྲས་བཟང་ཡིན་སྙམ་དུ་དགའ་བ་སྒོམ་བཞིན་ཡོད། མཁྱེན་རྒྱ་ཡངས་ཞིང་ཡིག་རྨོངས་སེལ་བའི་ཤེས་རིག་གི་སྣང་བ་བློ་གསར་ང་ཚོར་སྒྲོན་ཞིང་། བརྩེ་བའི་སེམས་ཀྱིས་སྐྱོང་བའི་སློབ་དཔོན་ཁྱེད་ཉིད་དང་མཇལ་བ་གུས་མོ་ང་དང་ངེད་ཚོའི་བསོད་བདེ་ཡིན། ཁྱེད་ནི་ང་ཚོར་མཚོན་ན་མ་རིག་རྨོངས་པའི་མུན་པ་སེལ་བའི་རྟ་བདུན་དབང་པོ་ཞིག་དང་གཉིས་སུ་མ་མཆིས། ལྷག་པར་དུ་ཉིད་ཀྱིས་མི་རིགས་ལ་བཅངས་པའི་བརྩེ་གདུང་དང་། རེ་ལྟོས་ནི་ནམ་ཡང་འགྱུར་བ་མེད་པ་ཞིག་ཡིན་པ་གུས་མོ་ངས་ཀྱང་ཤེས་ཐུབ་པ་ཞིག་རེད། དགེ་རྒན་ལགས། ཁྱེད་ཀྱི་མཛད་རྗེས་ནི་ཆུ་བོའི་རྒྱུན་ལས་རིང་བས། སུས་ཀྱང་བགྲང་མི་ཚར་ལ་བཀའ་དྲིན་ནི་དེ་བས་ཀྱང་གཞལ་དཀའ། ཁྱེད་ནི་ངེད་ཅག་སློབ་ཕྲུག་རྣམས་ཀྱི་བདེ་སྡུག་ཁོ་ནར་བསམ་པའི་བྱང་ཆུབ་སེམས་དཔའ་ཞིག་དང་དབྱེར་མ་མཆིས། ངེད་ཅག་སློབ་ཕྲུག་ཚོས་ཚེ་འདིར་རང་ལ་དགའ་ཉེ་གྲོགས་གསུམ་ཡོད་པའི་ནང་ནས་ཆེས་གུས་བཀུར་འོས་པའི་མི་སྣ་གལ་ཆེན་དེ་ནི་དགེ་བའི་བཤེས་གཉེན་ཆེན་མོ་སྟེ། ངེད་ཅག་གི་མི་ཚེའི་རྐང་ལས་ཕྲ་མོ་དེ་རྒྱ་ཆེན་གཞུང་ལམ་དུ་གཏོད་མཁན་གྱི་དགེ་རྒན་ཁྱེད་ཡིན། རྒན་ལགས་ཁྱེད་ནི། བྱིས་བློའི་བླང་དོར་མི་ཤེས་པའི་སྐབས་སུ་ལེགས་ཉེས་མཐོང་བྱེད་ཀྱི་མིག་ཟུང་དང༌། ཞུམ་སེམས་སྐྱེ་བའི་དུས་ལ་སྤྲོ་བ་བསྐྱེད་པའི་བདུད་རྩི། ང་རྒྱལ་སྐྱེ་བའི་ཚེ་ན་རང་སྐྱོན་མཐོང་བའི་མེ་ལོང་། སྐྱིད་སྡུག་འདྲེས་མའི་མི་ཚེའི་ལམ་དུ་འགྱུར་མེད་རིག་པའི་མཛའ་གྲོགས། ཉོན་མོངས་དུག་གསུམ་འཇོམས་པ་ལ་བདུད་རྩི་ནད་སེལ་སྨན་མཆོག དཀའ་ངལ་སྨག་གིས་མནན་པ་ལ་ཐབས་ཤེས་གྲོས་ཀྱི་ཉི་ཟེར་ལྟ་བུ་ཡིན། མདོར་བསྡུས་ན། དགེ་རྒན་ནི་བདག་ཅག་སློབ་མ་རྣམས་ཀྱི་མ་རིག་པའི་རྨོངས་མུན་སེལ་མཁན་ཙམ་དུ་མ་ཟད། ཕ་མ་ལྟ་བུའི་བྱམས་སྐྱོང་གནང་མཁན་ཡང་ཡིན་པ་བཅས་སོགས་བཀའ་དྲིན་གཞལ་ཟླ་མ་མཆིས་པ་དེ་ཡིན། དེ་ལྟའི་བཀའ་དྲིན་དག་གཟུགས་སུ་བཀོད་ན་ནས་མཁར་ཤོང་དཀའ་ལ་། དྲིན་ལན་གསབ་རྒྱུ་ནི་དེ་བས་ཀྱང་དཀའ་མོད། རང་ཉིད་ཀྱིས་གང་ལྕོགས་གཞན་ལ་ཕན་ཐོགས་བྱ་རྒྱུ་དང་། དེ་ལྟར་མ་བྱུང་ནའང་མི་གཤིས་བཟང་པོ་ཞིག་བྱ་རྒྱུའི་དམ་བཅའ་བརྟན་པོ་བཟུང་སྟེ་རྒན་ལགས་ཀྱི་དྲིན་ལན་མཇལ་བའི་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན། རྒན་ལགས་བཀའ་དྲིན་ཆེ། ཐུགས་རྗེ་ཆེ།། འཛིན་རིམ་བཅུ་གཉིས་སློབ་ཐོན་སྐབས་སུ་བྲིས།

Wednesday, March 13, 2024

ང་དང་ཁྱེད་ཀྱི་ལས་དབང་།

ཟག་བཅས་ཀྱི་འཇིག་རྟེན་འཁོར་བ་འདིའི་ནང་དལ་འབྱོར་རྙེད་དཀའི་མི་ལུས་རིན་ཆེན་ཐོབ་པར་བསོད་ནམས་ཅན་ཞིག་ཡིན་ལ། ཁྱེད་དང་མཇལ་བ་ནི་ཚེ་སྔོན་བསགས་པའི་རྣམ་དཀར་གྱི་ལས་དབང་བཟང་པོ་ཞིག་ཡིན་པར་དགའ་བ་སྒོམ་བཞིན་ཡོད། ཁྱེད་ནི་ངའི་མི་ཚེ་འདིར་དྲོ་སྐྱིད་ཀྱི་ཉི་མ་ལྟ་བུ་ཞིག་ཏུ་བྱོན་པ་ནི་གུས་མོའི་སེམས་ལས་ནམ་ཡང་བརྗེད་ཐབས་བྲལ་བའི་སྐྱེས་བུ་ཞིག་རེད། ཁྱེད་ནི་ངའི་ཆར་རླུང་དྲག་འཚུབ་ཀྱི་མི་ཚེ་འདི་ཡིད་དུ་འོང་བའི་འཇའ་ཚོན་གྱིས་ཀླུབས་པའི་ནམ་མཁའ་ཞིག་ཏུ་གྱུར། རང་འདོད་ཁོ་ནར་འབད་པའི་འཛམ་གླིང་ནང་ཁྱེད་ནི་ངའི་མི་ཚེའི་ལམ་སྟོན་བཟང་པོ་སྦྱིན་པའི་གང་ཟག་མེད་དུ་མི་རུང་བ་ཞིག་གོ ། ཤེས་བྱ་ཡོན་ཏན་ལ་རྨོངས་པའི་མུན་ནག་གི་ཁྲོད་ན་མ་རིག་ཀུན་སེལ་གྱི་སྒྲོན་མེ་ཞིག་དང་གཉིས་སུ་མ་མཆིས། ཟད་མཐའ་མེད་པའི་དཀའ་སྡུག་དང་དགའ་སྐྱིད་གང་རུང་གི་ར་བའི་ཀློང་ན་ཁྱེད་ནི་ངའི་རྒྱབ་རིའི་རྨུག་པོ་བཞིན་དུ་རྒྱུན་པར་གནས་པ་ལགས། ཁྱེད་ནི་ངེས་མེད་ཀྱི་མི་ཚེ་ཐུང་ངུ་འདིའི་ནང་དུ་ཆར་པ་ཆུ་འགྲོགས་དང་ཉི་མ་མེ་གྲོགས་བཞིན་དུ་དུས་ཀུན་ཏུ་རྒྱབ་སྐྱོར་གྱིས་རེ་བ་སྦྱིན་པ་ཡིན། བདག་གི་མི་ཚེའི་རྐང་ལམ་ཕྲ་མོ་དེ་གཞུང་ལམ་དུ་བསྒྱུར་མཁན་ཁྱེད་ཉིད་ཡིན། ཚེ་འདིར་ཁྱེད་ནི་ཕྲན་གྱི་ཁུ་བོར་སྐྱེས་ཀྱང་ཁྱེད་ཀྱི་ང་ལ་བཅངས་པའི་ལྷད་མེད་ཀྱི་བརྩེ་སེམས་དང་བྱམས་སྐྱོང་ནི་བདག་གི་ཡིད་ལས་ཡལ་བར་འགྱུར་མི་སྲིད། ཨ་ཁུ་ལགས། ང་དང་ཁྱེད་ཀྱི་ལས་དབང་ནི་དེ་འདྲའི་ཡ་མཚན་པ་ཞིག་དང་ངོ་མཚར་བ་ཞིག་རེད་ཨང་། ཁྱེད་ཀྱི་ཚ་མོས་ཁྱེད་ལ་བྲིས་པའི་ཡི་གེ་འདི་ནི་ཐོག་མ་ཡིན་ལ་ཁྱེད་ལ་བཅངས་པའི་གུས་བཀུར་དང་། བརྩེ་བ་འདི་ནི་རྟག་བརྟན་ཡིན་པར་སོམས། ཨ་ཁུ་ལགས། ངའི་ཁྱེད་ལ་དམར་ཆུང་སྙིང་དབུས་ནས་བཀའ་དྲིན་དྲན་བཞིན་ཡོད་ལ། ཚེ་ཕྱི་མའི་ལམ་བུ་ལའང་ཁྱེད་དང་མཇལ་བའི་བསོད་ནམས་ཡོད་པར་འཚལ།

Monday, March 11, 2024

སང་ཉིན་ཟེར་བ་སླེབས་རྒྱུ་མེད་པ།

སང་ཉིན་ཟེར་བ་སླེབས་རྒྱུ་མེད་པ།

སང་ཉིན་ཟེར་བར་མཐའ་ཞིག་མེད་མོད། །

སྐྱེ་བོ་ཀུན་གྱི་རེ་བ་བཅོལ་ས། །

མངོན་རྒྱུ་མེད་པའི་སང་ཉིན་དེ་རེད། །


སང་ཉིན་སང་ཉིན་མ་འོངས་སྐད་ཆ། །

སང་ཉིན་གང་ཡོང་སུས་ཀྱང་མ་རྟོགས། །

སང་ཉིན་ང་ཚོའི་ལག་ཏུ་མེད་ཀྱང་། །

གང་བྱས་ཆ་ཚང་སང་ཉིན་ཆེད་དུ། །


ང་ཚོའི་ལག་ཏུ་ཡོད་པ་དེ་ནི། །

དངོས་སུ་འགྲོ་བཞིན་ཡོད་པའི་ད་ལྟ། །

ད་ལྟའི་དུས་འདི་ལེགས་པར་བཀོལ་ན། །

མ་འོངས་མེད་ཀྱང་ད་ལྟ་འགྱོད་མེད། །


ད་ལྟ་ཡོད་ཀྱང་སང་ཉིན་མེད་སྲིད། །

ད་ལྟ་གསོན་ཀྱང་སང་ཉིན་འཆི་སྲིད། །

སང་ཉིན་འགྱུར་བའི་རང་དབང་མེད་ཀྱང་། །

ད་ལྟ་བཅོས་རྒྱུ་སྒེར་ལ་དབང་ཡོད། །


༢༠༢༤-༣-༡༡ཉིན་ནང་ཆོས་འཛིན་གྲྭར།

ང་ལ་ཡ་ལན་མེད་པ་གང་རེད།










བཅོས་མིན་བརྩེ་སེམས་ཁྱེད་ལ་སྤྲད་ཡིན། །

ཡིད་ཆེས་བློ་གཏད་ཁྱེད་ལ་བྱས་ཡིན། །

རྩ་ཆེའི་དུས་ཚོད་ཁྱེད་ལ་སྦྱིན་ཡང་། །

ང་ལ་ཡ་ལན་མེད་པ་གང་རེད། །


 ནོར་འཁྲུལ་ཆ་ཚང་དགོངས་ཡངས་བྱས་ཡིན། །

  ཁ་སྙན་ཚིག་སྙན་ཁྱེད་ལ་བཤད་ཡིན། །

 དགའ་དགའ་འཛུམ་གྱིས་ཁྱེད་ཉིད་བསུས་ཀྱང་། །

 ང་ལ་ཡ་ལན་མེད་པ་གང་རེད། ། 


མིག་ཆུ་བཏང་བ་ཁྱེད་ཀྱི་ཆེད་དུ། །

མི་དགའ་དགའ་མདོག་ཁྱེད་ཀྱི་ཆེད་དུ། །

ཚེ་གང་གཏན་གྲོགས་ཁྱེད་རང་བསམས་ཀྱང་། །

ང་ལ་ཡ་ལན་མེད་པ་གང་རེད། །


༢༠༢༤-༣-༡༡ཉིན་ནང་ཆོས་འཛིན་གྲྭར།

ཨ་མ།

  ཨ་མ།     གཅེས་པའི་ཕྲུ་གུ་ཨ་མའི་ནོར་བུ་དང་། ། བརྩེ་བའི་ཨ་མ་ཕྲུ་གུའི་ཡོད་ཚད་ཡིན། ། རིན་བྲལ་ལྷད་མེད་ཨ་མའི་བྱམས་བརྩེ་རེད། ། ཚེ་སྲོ...